༄༅། །སྐུ་ཚབ་ཡོ་ཧ་ནཱན་གྱིས་བྲིས་མི་ཡི་གུ་དང་པ་བཞུགས་སོ།།
ཡོ་ཧ་ནཱན་དང་པ་ལེའུ་
ངོ་སྤྲོད།
ཡོ་ཧ་ནཱན་དང་པ་འདི་ གཏམ་བཟང་འབྲི་མི་ ཡོ་ཧཱ་ནན་གྱི་རང་འབྲི་འབྲིཝ་ཨིན། ཡོ་ཧ་ནཱན་གྱི་གཏམ་བཟང་ མ་ལྷག་པའི་ཧེ་མ་ ཨ་ནི་ཡི་གུ་འདི་ལྷགཔ་འདྲཝ་ཅིག་འབད་བ་ཅིན་ ཨ་ནི་ཡི་གུ་གཉིས་ཆ་ར་ ག་དེམ་ཅིག་ཅོག་འཐདཔ་ཡོདཔ་ཨིན་ན་ ང་བཅས་ཀྱི་ཧ་གོ་ཚུགས། ཡོ་ཧཱ་ནན་འདི་ སྐུ་ཚབ་ཀྱི་གྲལ་ལས་ ཚེ་མཐའ་མེད་པའི་དོན་དག་ གཏིང་གཟབ་དྲགས་ཚུ་ ཧ་གོ་མི་དང་ དེ་ལས་ སློབ་མ་གཅིག་གི་གཅིག་ལུ་ བྱམས་པ་འབད་དགོ་ཟེར་བའི་སྐོར་ལས་ གཙོ་བོ་གི་གནང་མི་བཀའ་རྒྱ་ ཧ་གོ་མི་ཨིན་མས། འདི་ནང་ ཡེ་ཤུ་གིས་བྱམས་པ་མཛད་དོ་བཟུམ་སྦེ་ ང་བཅས་ཀྱིས་གཅིག་གི་གཅིག་ལུ་ བྱམས་པ་འབདཝ་ད་ དད་པ་ནང་ ན་ཁུག་ཁུག་པའི་ངོ་རྟགས་ཨིན་ཟེར་ ཡོ་ཧ་ནཱན་གྱིས་སྟོན་ཏེ་ཡོད། འདི་གི་མ་ཚད་པར་ དཀོན་མཆོག་གི་སྐོར་ལས་ བདེན་པ་ཁག་ཆེ་ཏོག་ཏོ་ཚུ་ཡང་ ལེ་ཤ་རང་ ཡོ་ཧ་ནཱན་གྱིས་བཏོན་ཏེ་འདུག དེ་ཚུ་ག་ཅི་རང་ཨིན་ན་ཟེར་བ་ཅིན་ དང་པ་ དཀོན་མཆོག་འདི་ འོད་ཨིན་ གཉིས་པ་ དཀོན་མཆོག་འདི་ ཁྲིམས་ཕྲང་སྟེ་ཕྱེ་མི་ གསུམ་པ་ དཀོན་མཆོག་འདི་ བྱམས་པ་ཨིན། ཡེ་ཤུ་གི་རང་བཞིན་གྱི་སྐོར་ལས་ སློབ་སྟོན་འཛོལ་བ་སྟོན་མི་འཐོན་འོང་ཟེར་མནོ་བའི་ཚ་གྱང་ལངས་ཏེ་ དེ་ལས་ཁོ་གི་ ཡེ་ཤུ་འདི་ཐད་རི་བ་རི་ དཀོན་མཆོག་གི་སྲས་ ཁིརཱིས་ཨིན་ ཟེར་སྟོན་ནིའི་དོན་ལུ་དང་ ཁོ་མི་ངོ་མ་རང་ཨིནམ་དང་ ཁོ་ཚེ་མཐའ་མེདཔ་གནང་མི་ དཀོན་མཆོག་ངོ་མ་རང་ཨིན་ཟེར་ ཧིང་སངས་ས་སྟོན་ནི་ལུ་ རྩ་འགེངས་ཏེ་བྲིས་ནུག།