༄༅། །ཏི་མོ་ཐི་ལུ་བྲིས་མི་ཡི་གུ་གཉིས་པ་བཞུགས་སོ།།
ཏི་མོ་ཐི་གཉིས་པ་ལེའུ་
ངོ་སྤྲོད།
པའུལ་གྱིས་ ཨ་ནི་ཡི་གུ་གཉིས་པ་འདི་བྲིས་བའི་སྐབས་ རྒྱལ་ས་ རོམ་ནང་གི་བཙོན་ཁང་ནང་ཨིན་མས། འདི་སྐབས་ ཁོ་མགྱོགས་པ་རང་ བསད་འོང་ དུས་ཚོད་ཡང་ལེ་ཤ་མེད་ཟེར་ཤེས་ནུག དེ་ལས་ ཁོ་ཆ་རོགས་མེད་པའི་སྐྱོ་སྣང་བསྐྱེད་དེ་ ཏི་མོ་ཐི་དང་གཅིག་ཁར་འཕྱད་དགོ་མནོ་སྟེ་ མགྱོགས་པ་རང་ ཁོ་འབད་སར་ཤོག་ཟེར་འབོ་ནུག ཏི་མོ་ཐི་འབད་རུང་ ལཱ་འབད་བའི་སྐབས་ལུ་ ལཱ་ཁག་གཏང་དོཝ་ཡོདཔ་ལས་ ཁོ་ཡང་སེམས་ཤི་སྟེ་སྡོད་སྡོདཔ་ཨིན་མས། པའུལ་གྱིས་ ཁོ་སེམས་མ་ཤི་བར་ རང་གི་ལཱ་འགན་ཚུ་ དད་དམ་ཅན་གྱི་སྒོ་ལས་ གཙོ་བོ་བསྟེན་ཏེ་ ཕྱག་ཞུ་ཟེར་ཨིན་མས། ཏི་མོ་ཐི་དང་པ་འདི་ ཕྱི་ཁའི་གནས་སྟངས་ཀྱི་སྐོར་ལས་ ཁོ་གིས་ག་ཅི་སྟོན་དགོཔ་ཨིན་ན་དང་ ཆོས་ཚོགས་ནང་ སྟབས་མ་བདེཝ་རེ་འབྱུངམ་ད་ འབྲེལ་བ་ག་དེ་སྦེ་རང་འཐབ་དགོཔ་ཨིན་ན་ཚུ་གི་སྐོར་ལས་ གཙོ་བོར་བསྟེན་ཏེ་འབད་རུང་ ཏི་མོ་ཐི་གཉིས་པ་འདི་ ལྷག་པར་དུ་ མིའི་ནང་ན་གི་གནས་སྟངས་ཀྱི་སྐོར་ལས་ཨིན་མས། དེ་ཚུ་གཙོ་བོ་རང་ མི་རང་རང་སོ་སོ་གི་མི་ཚེ་དང་ གཙོ་བོ་གི་ཕྱག་ཞུ་མི་འབདཝ་ད་ རང་གི་སེམས་དང་ སྤྱོད་ལམ་ཚུ་ག་དེ་སྦེ་འབད་དགོཔ་ཨིན་ན་གི་སྐོར་ལས་ཨིན་མས།།