༄༅། །ཕི་ལི་པི་གི་ཆོས་ཚོགས་ལུ་བྲིས་མི་ཡི་གུ་བཞུགས་སོ།།
ཕི་ལི་པི་ལེའུ་
ངོ་སྤྲོད།
སྐུ་ཚབ་ པའུལ་གྱིས་ ཕི་ལི་པི་ལུ་ཡོད་མི་དདཔ་ཅན་ཚུ་ལུ་ཡི་གུ་དེ་འབྲི་བའི་བསྒང་ ཁོ་ རོམ་གྱི་རྒྱལ་ས་ལུ་ཁང་གླ་སྤྲོད་དགོ་པའི་ཁྱིམ་གཅིག་ནང་ ཐེངས་དང་པ་བཙོན་པ་སྦེ་ སྡོད་སྡོདཔ་ཨིན་མས། འདི་བསྒང་ཁོ་མགྱོགས་པ་རང་ བསད་འོང་ཟེར་ མནོ་སྟེ་བསྒུག་སྡོད་སྡོདཔ་ཨིན་མས། ཨིན་ཏེ་འབད་རུང་ ཡང་ཅིན་ ཁོ་བཙོན་ནང་ལས་བཏང་སྟེ་ ཕི་ལི་པི་ཁྲོམ་ནང་ ཁོ་རའི་ཆ་རོགས་ཚུ་དང་ འཕྱད་ཚུགས་པའི་རེ་བ་བསྐྱེད་དེ་སྡོད་སྡོདཔ་ཨིན་མས། དོན་ལས་རང་ལོ་གཉིས་ཀྱི་རྒྱབ་ལས་བཙོན་ནང་ལས་གྲོལ་ཏེ་ ད་རུང་ལོག་ལོ་བཞི་དེ་ཅིག་ བཙོན་ཁང་ནང་མ་ཚུད་ཚུན་ཚོད་ ཁོ་གིས་ དཀོན་མཆོག་གི་ཕྱག་ལཱ་འཕྲོ་མཐུད་དེ་རང་ཕྱག་ཞུ་སྟེ་སྡོད་ནུག
པའུལ་གྱི་ ཡི་གུ་ཚུ་གི་གྲལ་ལས་ ཕི་ལི་པི་ལུ་བྲིས་མི་ཡི་གུ་འདི་རང་ ག་ནི་བ་མཛེས་ཏོག་ཏོ་ཅིག་ཡོདཔ་ཨིན། འདི་བྱམས་པ་དང་ བཀའ་དྲིན་དགའ་ཚོར་ དེ་ལས་ དགའ་སྤྲོ་གི་ཐོག་ལས་བྲིས་ཏེ་ཡོད། དེ་ལས་ པའུལ་གྱིས་ ཁོ་གི་མི་ཚེ་འདི་ གཙོ་བོ་གི་ཕྱག་ལུ་ཡོད་པའི་སྐོར་ལས་དང་ ལྷག་པར་དུ་ ཁིརཱིས་ཀྱི་དོན་ལུ་སྡོད་ནི་དེ་ ག་དེ་སྦེ་ཁོ་རའི་རེ་འདོད་སྦོམ་ཨིན་ཟེར་ ཕྲང་སྟེ་བྲིས་ནུག འདི་མ་ཚད་ ཧེ་མ་གི་ཆོས་ཚོགས་འགོ་དང་པ་ཚུ་གིས་འཐེན་མི་མགུར་མ་ནང་ ཡེ་ཤུ་ དཀོན་མཆོག་ཨིན་ཏེ་འབད་རུང་ ཁོ་ར་ཉམ་ཆུང་སྦེ་ མིའི་ལུས་ནང་འབྱོན་ཞིནམ་ད་ ཁྲམ་ཤིང་གུ་གཤགསཔ་ལས་བརྟེན་ཏེ་ ག་ར་གི་གུ་ལས་ གོ་གནས་མཐོ་ཤོས་གནང་བའི་སྐོར་ལས་ བཀོད་དེ་ཡོད།
པའུལ་གྱིས་ ཨ་ནི་ཡི་གུ་བྲིས་མི་འདི་ ཕི་ལི་པི་ཚུ་གིས་ ཁོ་ལུ་གྲོགས་རམ་འབད་མི་ལུ་ བཀྲིན་བསམ་ནིའི་དོན་ལས་ཡང་ཨིན་མས།།