༄༅། །ཡོ་ཧ་ནཱན་གྱི་མཐོང་སྣང་བཞུགས་སོ།།
མཐོང་སྣང་ལེའུ་
ངོ་སྤྲོད།
ཡོ་ཧ་ནཱན་གྱི་མཐོང་སྣང་གི་དེབ་བྲིས་མི་འདི་ སྐུ་ཚབ་ ཡོ་ཧ་ནཱན་ཁོ་རང་ཨིན་མས། དེ་བཟུམ་སྦེ་ཁོ་གིས་ ཡོ་ཧ་ནཱན་ཟེར་མི་ ཡི་གུའི་དེབ་གསུམ་དང་གཏམ་བཟང་གཅིག་ཡང་བྲིས་ཏེ་ཡོད། ཁོ་གིས་ ཡེ་ཤུ་ཁིརཱིས་ གཟི་བརྗིད་ཅན་སྦེ་ འགྱུར་བའི་མཐོང་སྣང་མཇལ་ཏེ་ ཡོད་མི་འདི་གི་སྐོར་ལས་དེབ་འདི་ནང་བྲིས་ཏེ་ཡོད། ཡེ་ཤུ་གིས་ ཡོ་ཧ་ནཱན་ལུ་ ཁོ་གི་མཐོང་མི་ཚུ་བྲིས་ཟེར་བཀའ་གནངམ་བཞིན་དུ། འདི་ཚུ་གི་གྲལ་ལས་དང་པ་རང་ དདཔ་ཅན་ཆོས་ཚོགས་བདུན་ལུ་ཡི་གུ་བྲིས་ནུག དེའི་ཤུལ་ལས་ ཡོ་ཧ་ནཱན་གྱིས་ ཁོ་རའི་མཐོང་སྣང་བྲིས་ནི་འགོ་བཙུགསཔ་མས། ཡོ་ཧ་ནཱན་གྱི་མཐོང་སྣང་གི་དེབ་འདི་ མ་འོང་པ་ལུ་འབྱུང་ནིའི་སྐོར་ལས་རྐྱངམ་གཅིག་མེན་པར་ དུས་ད་ལྟོ་དང་ འདས་པའི་དུས་ལུ་བྱུང་ཚར་མི་ཚུ་གི་སྐོར་ལས་ཡང་ཨིན་མས།
མཐོང་སྣང་མང་ཤོས་རང་ ཞིང་ཁམས་ལུ་ག་ཅི་རང་བྱུང་དོ་ག་གི་སྐོར་ལས་ཨིན་མས། དེ་དང་འབྲེལ་ཏེ་ ཕོ་ཉ་ཚུ་དང་ སེམས་ཅན་ཚུ་དང་ མི་དེ་ཚུ་གིས་ དཀོན་མཆོག་ལུ་གནམ་མེད་ས་མེད་ གུས་བཀུར་དང་བཅསཔ་སྦེ་ མཆོད་པའི་སྐོར་ལས་ཨིན་མས། དེ་ལས་ ཁོང་གིས་འཐེན་མི་བསྟོད་དབྱངས་དང་ རྒྱལ་ཁ་ཐོབ་པའི་མགུར་མ་མ་འདྲཝ་ཡང་ དེབ་འདི་ནང་བྲིས་ཏེ་འདུག
མཐོང་སྣང་གཞན་ཚུ་ ག་ཅི་གི་སྐོར་ལས་ཡོདཔ་སྨོ་ཟེར་བ་ཅིན་ མ་འོང་པའི་དུས་ལུ་ དཀོན་མཆོག་གིས་ ཁོ་རའི་ཞབས་ཕྱིཔ་ཚུ་ལུ་ གནོད་བཀལ་མི་དགྲ་ཚུ་ལུ་ དགྲ་ལན་མཇལ་ནི་དང་ ཁོ་ལུ་མ་ཉན་མི་ཆ་ཁྱབ་ལུ་ དཀའ་སྡུག་གནམ་མེད་ས་མེད་ བྱུང་བཅུག་ནི་དང་ དེ་ལས་ ཡེ་ཤུ་བྱོན་ཏེ་ འཆི་བ་དང་ ངན་པ་མེདཔ་གཏང་ནི་གི་སྐོར་ལས་ཨིན་མས། དེ་ལས་ དཀོན་མཆོག་གིས་ག་ར་ གསརཔ་སྦེ་མཛད་གནངམ་ད་ ན་ཟུག་དང་ དཀའ་སྡུག་དེ་ཚུ་ མེདཔ་འགྱོ་བའི་དུས་དེ་འོངམ་བཞིན་དུ་ མཐའན་མཇུག་ལུ་ དཀོན་མཆོག་གིས་རྒྱལ་སྲིད་ཡོངས་སུ་རྫོགསཔ་སྦེ་སྐྱོང་ནི་ཨིན་ཟེར་ དེབ་འདི་ནང་མཐོང་ཚུགས།།